查看原文
其他

བསམ་པའི་གནས་མལ་ལྡན་པའི་མི་ལ་ཚེ་མཇུག་ཏུ་སྐྱིད་ཅིག་ཡོད

ཆོས། Qiu1980 2021-06-01

བསམ་པའི་གནས་མལ་ལྡན་པའི་མི་ལ་ཚེ་མཇུག་ཏུ་སྐྱིད་ཅིག་ཡོད།

ཐོབ་ཐང་གང་འདྲ་ལྡན་པའི་མི་ཡིན་རུང་དེས་བློ་གཅིག་སེམས་གཅིག་གིས་འོད་མཚན་བརྗོད་ནུས་ན་ནད་ལ་མི་འཇིགས་པ་དང་རྒ་བ་ལ་མི་འཇིགས་པ་དང་འཆི་བ་ལ་མི་འཇིགས་པའི་སྤྱོད་ཡུལ་མངོན་དུ་བྱེད་ཐུབ།

རྒན་འཁོགས་རྣམས་ཀྱིས་ཆོས་མི་སྒྲུབ་པ་ནི་དངོས་གནས་སྙིང་རྗེའི་གནས་ཤིག་རེད། ཁོ་ཚོ་ཚེ་མཇུག་ལ་ཐོན་སྐབས་ཉིན་རྟག་པར་བུ་བུ་མོ་སོགས་ཀྱིས་རང་ལ་ལྟ་རྟོག་བྱེད་དུ་ཡོང་བར་དམིགས་ཀྱང་། དེང་གི་སྤྱི་ཚོགས་འདིར་བུ་རྒྱུད་ཐམས་ཅད་ལས་ཀ་ལ་བྲེལ་ཆེས་ཏེ་ཕ་མ་ལ་ལྟ་རྟོག་བྱེད་དུ་འགྲོ་བའི་ཁོམ་ལོང་ཕར་ཆེར་མེད།  དེའི་ཚེ་ཁོ་ཚོ་ཡི་ཆད་དེ་ང་རང་རྒས་ཟིན་པས་ཀུན་གྱིས་སེམས་ཁུར་བྱེད་བཞིན་མི་འདུག་སྙམ་དུབསམས་ནས་སེམས་ཁོང་དུ་ཆུད་དེ་སྡོད། 

དོན་དམ་དུ་གལ་སྲིད་ཁོ་ཚོས་བོད་ཀྱི་རྒན་འཁོགས་དང་འདྲ་བར་འོད་མཚན་བརྗོད་དེ་ཆོས་སྒྲུབ་ནུས་ན་སེམས་སུ་རྣམ་ཤེས་ཁེན་སའི་གནས་མལ་ཞིག་ཡོད་པར་འའགྱུར་བས་འདི་འདྲའི་སྡུག་བསྔལ་ཆེན་པོའི་རླབས་རྒོད་མི་འཕྱུར་བ་ཆོས་ཉིད་ཡིན། 

ངའི་དྲན་ལམ་དུ་ངས་མཐོང་མྱོང་བའི་བོད་ཀྱི་རྒན་འཁོགས་ཡོད་ཚད་ཀྱིས་འོད་མཚན་བརྗོད་དེ་ཆོས་མི་སྒྲུབ་པའི་མི་གཅིག་ཀྱང་མི་འདུག  བོད་ཀྱི་རྒན་འཁོགས་ཕལ་མོ་ཆེས་ཆོས་སྒྲུབ་པ་ལ་བར་ཆད་བྱེད་ཀྱིས་དོགས་ནས་བུ་བུ་མོ་རྣམས་རྟག་ཏུ་ལྟ་རྟོག་བྱེད་དུ་ཡོང་བར་མི་འགའ། དཔེར་ན་རང་ཉིད་ཀྱིས་ཉིན་གཅིག་ལ་འོད་མཚན་ཁྲི་གཉིས་འདོན་པའི་འཆར་གཞི་ཡོད་ཅིང་གལ་ཏེ་བུ་བུ་མོ་དག་སླེབས་ན་དེ་ཚོ་དང་མཉམ་དུ་ཁ་བརྡ་བྱེད་དགོས་པས་དེས་འོད་མཚན་བརྗོད་པའི་གྲངས་མི་འཁྱོངས་པ་རེད།  དེའི་ཕྱིར་རྒན་འཁོགས་ཕལ་མོ་ཆེས་དོ་གལ་མི་ཆེ་ན་དུས་ལྟར་བྲོ་རྒྱགས་སྐྱེལ་བ་ལས་བུ་རྒྱུད་རྣམས་རྟག་ཏུ་ཡོང་བར་འགོག་ཅིང་།  ཐ་ན་ལ་ལས་བྲོ་རྒྱགས་བསྐྱལ་ཟིན་རྗེས་འཕྲལ་དུ་ཕར་རྫོང་བ་རེད། 

ང་རང་ཆུངདུས་བསམ་གཏན་དགའ་བློ་བྱ་བའི་མི་ཞིག་ངོ་ཤེས།  སེམས་སུ་མི་དེའི་བག་ཆགས་ཤིན་ཏུ་ཟབ་པས་ཁོམས་སྐབས་རྒྱུན་དུ་དེའི་འཛུམ་མདངས་དང་བྱམས་པའི་མིག་མདངས་སོགས་ཡིད་ལ་ཁྲ་ལམ་མེར་འཆར་བཞིན་འདུག  ང་ཚོའི་བར་གྱི་འབྲེལ་འདྲིས་ཕལ་ཆེར་མི་ལོ་བཅུ་ཕྲག་ཙམ་ལ་བསྐྱངས་ཤིང་ཁོ་རང་མཐོང་ཐེངས་རེར་རྟག་ཏུ་ཁྱིམ་དུ་འོད་མཚན་བརྗོད་ཅིང་ལག་འཁོར་ཆེན་པོ་ཞིག་སྐོར་བཞིན་སྡོད་པ་རེད།  ཁོས་ཉིན་རེར་གུང་ཟས་ལས་མི་བཟའ་ཞིང་ཟ་མ་ནངདུ་བསྐྱལ་རྗེས་ཁྱིམ་མི་རྣམས་དང་འབྲེལ་འདྲེས་ལྷག་པོ་མི་བྱེད། ཁྱིམ་མི་དག་ཀྱང་ཅི་ནུས་ཀྱིས་སྲིད་ཞུ་སྒྲུབ་མཁན་ཡིན་པས་ཉི་མའི་གུང་དུ་ཟ་མ་ལེགས་པོ་ཕུལ་ཟིན་རྗེས་ཉིན་གཅིག་ཏུ་མི་གཞན་དང་མི་འཕྲད།  ངེད་གཉིས་པོ་དགེ་བ་སྒྲུབ་པའི་ཕྱོགས་ནས་ཐུན་མོང་གི་ལྟ་བ་ཡོད་པས་ཆུང་དུས་རྟག་ཏུ་ཁོང་གི་སར་ཕྱིན་པ་ནས་མདོ་སྡེ་དག་ལས་གསུངས་པའི་གཏམ་རྒྱུད་ལ་ཉན་བཞིན་ཡོད།  ངས་ངོ་ཤེས་པའི་རྒན་པོ་འདི་ནི་སྤྱིར་བཏང་གི་ཁྱིམ་པ་ཞིག་ཡིན་ཞིང་མི་ལོ་བཅུ་ཕྲག་ཁ་ཤས་སུ་ཉིན་ལྟར་འཁོར་ལོ་སྐོར་ཞིང་འོད་མཚན་བརྗོད་པས་དེའི་ཀུན་སྤྱོད་ནི་ད་ལྟའི་རྒན་འཁོགས་རྣམས་དང་གཏན་མི་འདྲ་བ་ཞིག་རེད།  ད་ལྟའི་འཁོགས་རྣམས་གང་འདྲ་ཞིག་ཡིན་ཞེ་ན། ཡང་ན་ཉིན་མགོ་མཇུག་ཏུ་བྲེལ་ཟིང་གིས་དུས་འདའ་བའམ་རེ་སྒུག་གི་ངང་དུ་སྡོད། ཡང་ན་ཁྱིམ་དུ་ཁ་རྩོད་དང་སྒྲོ་འདོག་སྐུར་འདེབས་སྣ་ཚོགས་བྱེད་བཞིན་སྡོད།  ཡང་ན་ཚ་བུ་དང་བུ་ཕྲུག་དག་ལ་བདག་གཉེར་བྱས་ཏེ་རྟག་ཏུ་དོན་སྙིང་མེད་པའི་བྱ་བའི་ནང་དུ་ཞིག་པས་རངཉིད་ཀྱི་ཚེ་མཇུག་ཇི་ལྟར་བྱས་ཏེ་འཕུད་རྒྱ་ཡིན་པ་ལ་ནི་འཆར་གཞི་གང་ཡང་མི་འདིང་། 

གལ་སྲིད་ཁོ་ཚོས་ཆོས་སྒྲུབ་ནུས་ན་ལྷག་ལུས་ཀྱིདུས་ཚོད་རིན་ཐང་ལྡན་པ་དེ་དག་འཕྲོ་བརླག་ཏུ་མི་འགྲོ་ཞིང་།  ཉིན་རྟག་པར་དག་གཙང་གིས་ཆོས་སྒྲུབ་པའི་སྙན་འཇེབས་ཀྱི་སྒྲ་དབྱངས་ཀྱི་ཀློང་དུ་དུས་འདས་ནས་སེམས་ཧ་ཅང་དྭངས་ཤིང་འཆི་ཁར་ཡང་བློ་བག་ཕེབ་པོས་གདོང་ལེན་བྱེད་ནུས།

མིང་རྒྱལ་རབས་ཀྱི་སྐབས་སུ་ཧོས་ནན་ཧན་ཡང་ལ་རུས་ཧོང་ཅན་གྱི་མགར་བ་ཞིག་ཡོད། ཁྱིམ་ཚང་གི་མི་བཞི་པོ་ལྕགས་མགར་བ་ཡིས་ཁ་གསོ་དགོས་པས་འཚོ་བ་ཧ་ཅང་ཞན། མགར་བ་དེས་རྟག་ཏུ་དབུགས་རིང་ཕྱུང་ནས་མི་ཚེ་ནི་དངོས་གནས་སྡུག་བསྔལ་ཤིན་ཏུ་ཆེ་བ་ཞིག་རེད། སྡུག་བསྔལ་འདི་ལས་ཐར་ཏེ་ནམ་ཞིག་ལ་བདེ་བ་འཐོབ་ནུས་སམ་སྙམ།

ཉིན་ཞིག་ལམ་བགྲོད་བཙུན་པ་ཞིག་སླེབས། མགར་བས་བཙུན་པ་ལ་རྒྱུ་ནོར་གཏོང་མི་དགོས་ལ་ལྕགས་མགར་བ་ལ་ཡང་མི་གནོད་པའི་སྡུག་བསྔལ་ལས་ཐར་ཏེ་བདེ་བ་འཐོབ་པའི་ཐབས་ཡོད་དམ་ཞེས་དྲིས། 

བཙུན་པ་དེས་གལ་སྲིད་ཁྱོད་ཀྱིས་འོད་མཚན་རྒྱུན་མ་བཅད་པར་བཏོན་ན་མ་འོངས་པར་བདེ་བ་ཅན་དུ་སྐྱེ་བས་དེ་ན་སྡུག་བསྔལ་མེད་ཅེས་བཤད། 

མགར་བས་ཐོས་རྗེ་དད་པ་ཆེན་པོ་སྐྱེས་ཤིང་དེ་ནས་བཟུང་ལྕགས་མགར་བཞིན་ངག་ཏུ་འོད་མཚན་བཏོན་ཞིང་།  ཁོལ་མོ་རྒྱག་སྐབས་རྒྱག་ཐེངས་རེ་ལ་འོད་མཚན་ལན་རེ་བརྗོད།  ལྕགས་མགར་སྐབས་ཐོ་བ་རྒྱག་ཐེངས་རེ་ལ་འོད་མཚན་ལན་རེ་བརྗོད་པ་རེད།  མགར་བའི་ཆུང་མས་མེ་ཐབས་ཀྱི་འགྲམ་དུ་ལངས་ན་ཚ་གདུང་གིས་མི་བཟོད་ཅིང་ལྕགས་མགར་བ་ཡིས་ཀྱང་ཐང་ཆད་ངེས་པས་ཁྱོད་ད་དུང་ཡང་ངག་ཏུ་འོད་མཚན་འདོན་བཞིན་འདུག་པས་ཐང་ཆད་དེ་འཆི་རྒྱུ་རེད་ཅེས་སྨྲས།  ཁོས་འཛུམ་ཞིག་བྱུང་སྟེ་ན་རེ།  རྒྱུན་པར་མེ་ཐབ་ཀྱི་འགྲམ་དུ་ལངས་ན་ཚ་བས་གདུང་ཡང་འོད་མཚན་བཏོན་རྗེས་ལྡོག་སྟེ་བསིལ་མོ་ཞིག་རེད།  རྒྱུན་པར་ལྕགས་མགར་སྐབས་རྒྱབ་དང་རྐེད་པར་ཟུག་རྔུ་ཆེ་ཡང་འོད་མཚན་བཏོན་རྗེས་ལུས་ཡང་ཞིང་མཚན་མོར་གཉིད་ཀྱང་སྐྱིད་པོ་ཁུག་བཞིན་འདུག་ཅེས་བཤད།  ཕྱིས་སུ་ཉིན་ཞིག  མགར་བས་ཆུང་མ་ལ་རང་ཁྱིམ་དུ་འགྲོ་དགོས་ཞེས་བཤད།  ཆུང་མ་ཐེ་ཚོམ་དང་བཅས་ཏེ་ཁྱོད་ཀྱི་ཁྱིམ་འདི་མ་ཡིན་ནམ་ཞེ་སྨྲས།  མགར་བས་བདེ་བ་ཅན་དུ་འགྲོ་ཞེས་སྨྲས། དེ་ནས་ཚིགས་བཅད་གཅིག་ལྷུ་པུར་བརྗོད་དེ་འགྲེང་བཞིན་དུ་ཚེ་འཕོས་ནས་བདེ་བ་ཅན་དུ་སྐྱེས། ཚིགས་བཅད་དེ་འདི་སྐད་དེ། 

  དིང་དིང་ཐང་ཐང་གི་སྒྲ་དབྱངས་ཀློང་དུ། །

  ཡུན་རིང་སྦྱང་བ་ཡིས་ལྕགས་སུ་གྲུབ་སོང་། །

  ཞི་བ་ཆེན་པོ་དེ་སླེབས་པར་འགྱུར་བས། །

   ད་ལྟ་ང་ཉིད་ནུབ་ཕྱོགས་སུ་འགྲོའོ། །

                                    ཞེས་སོ།

རྒྱུན་ལྡན་འཚོ་བའི་ནང་དུ་མི་ཧ་ཅང་མང་པོས་སྐྱེ་འཆི་ལ་ཡ་མི་ང་བར་རློམ་ཡང་སྨན་པའི་ཉེན་ཁའི་བརྡ་ཡིག་ལག་ཏུ་འབྱོར་བ་ན་ལག་འཚུབ་རྐང་འཚུབ་ཏུ་གྱུར་ནས་གནམ་ཡང་རྡིབ་སྣང་ཤར་ཏེ་དུས་ཚོད་གཅིག་ཙམ་དང་སྐར་མ་གཅིག་ཙམ་དུ་ཡིན་རུང་གསོན་པའི་རེ་བ་འཆང་འདོད་བྱེད།  ཡིན་ཡང་ཆོས་སྒྲུབ་པའི་མི་ནི་དེ་ལྟར་མ་ཡིན་པར་རྒ་བ་དང་འཆི་བ་སོགས་ཀྱི་སྡུག་བསྔལ་ལ་གདོང་ལེན་བྱེད་སྐབས་འཇིགས་རྟེན་པ་ཕལ་བ་རྣམས་དང་མི་འདྲ་བའི་ཁོག་རྒྱ་དང་རང་དབང་ལྡན་པ་ཡིན།  འོན་ཀྱང་ཡིད་ཕངས་བ་ཞིག་ལ་ད་སྐབས་སྐྱེ་བོ་དུ་ཙམ་ཞིག་གིས་ཆོས་སྒྲུབ་པའི་རྒན་འཁོགས་རྣམས་ལ་དོ་ཁུར་དང་ལད་མོའི་མིག་ཟུང་གཏོད་པར་བྱེད་དེ་མི་བྱེད་དོ། །


མཁན་པོ་བསོད་དར་རྒྱས་ཀྱིས་གསུངས།   བསྒྲུབས་ན་འགྲུབ་ཅེས་པའི་ལེའུ་དང་པོ་ལས།


                          



    您可能也对以下帖子感兴趣

    文章有问题?点此查看未经处理的缓存