查看原文
其他

ཆུང་ས་ནས་མགོ་བརྩམས་ཏེ་དུད་འགྲོའི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་དགོས།

ཆོས། Qiu1980 2021-06-01

ཆུང་ས་ནས་མགོ་བརྩམས་ཏེ་དུད་འགྲོའི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་དགོས།  མ་ཧཱ་གྷན་དྷི་ན་རེ། དུད་འགྲོ་ལ་རྣམ་འགྱུར་ཇི་ལྟར་འཛིན་པ་ལས་མི་རིགས་དེ་རླབས་ཆེན་ཡིན་མིན་དང་ཀུན་སྤྱོད་བླ་ན་མེད་པ་ཡིན་མིན་སོགས་དབྱེ་དཔྱོད་བྱེད་ནུས། 


དུད་འགྲོའི་ཁོངས་སུ་གཏོགས་པའི་སེམས་ཅན་གང་ཞིག་ཡིན་རུང་ང་ཚོས་སྙིང་རྗེ་ཆེན་པོ་འཆང་དགོས། ཚེ་སྲོག་འདྲ་མཉམ་གྱི་ཐིག་ཤིང་གི་སྟེང་དུ་དུད་འགྲོ་དང་མི་གཉིས་ག་ལ་འཚོ་གནས་རང་དབང་གི་ཐོབ་ཐང་གཅིག་མཚུངས་ལྡན། ང་ཚོ་དུད་འགྲོའི་ཚེ་སྲོག་འཕྲོག་ཆོག་པ་དང་དེའི་ཤ་ཁྲག་ཁ་ཟས་སུ་བརྟེན་ཆོག་པའི་རྒྱུ་མཚན་སྟོབས་ལྡན་གང་ཡང་སྨྲ་རྒྱུ་མེད།  

མི་ལ་ལས་དུདའགྲོས་སྐད་ཆ་སྨྲ་མི་ཤེས་པ་དང་མིའི་རིགས་དང་མཚུངས་པའི་བསམ་བློ་ཟབ་མོ་མེད་པས་དུད་འགྲོ་གསོད་པ་དང་མི་གསོད་པ་གཉིས་མི་འདྲ་ཞེས་སྨྲ་བ་རེད། དེ་ལ་དུས་རབས་བཅོ་བརྒྱད་པའི་དབྱིན་ཇིའི་མཚན་ཉིད་རིག་པ་པེན་ཆིན་གྱིས་དགག་པ་ཚ་ནན་བཏང་སྟེ་ན་རེ།  རྩ་བའི་གནད་དོན་དུད་འགྲོ་ལ་བསམ་བློ་ཡོད་མེད་དམ་སྐད་ཆ་སྨྲ་བའི་ནུས་པ་ཡོད་མེད་ཀྱི་སྟེང་དུ་མེད། འོ་ན་གང་དུ་ཡོད་ཅེ་ན།  ཁོ་ཚོ་ལ་བདེ་སྡུག་མྱོང་བའི་ཚོར་བ་ཡོད་མེད་ཀྱི་སྟེང་དུ་ཡོད་ཅེས་སྨྲས།  

སྐད་ཆ་དེ་ནི་ཇི་འདྲའི་གནད་དུ་ཁེལ་བ་ཞིག་ལ་ཨང་། མི་དང་དུད་འགྲོའི་བར་དུ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལ་ཁྱད་པར་གང་ཡང་མེད་པས་གཅིག་མཚུངས་ཡིན།  གར་སྲིད་མི་ཞིག་གི་དུད་འགྲོ་ལ་གཅེས་སྐྱོང་བྱས་ཏེ་དེ་དག་གི་ཚེ་སྲོག་སྐྱོབ་ནུས་ན་དེའི་དྲིན་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པས་སྐབས་ལ་ལར་ཚེ་འདི་ལ་ཡང་རྣམ་སྨིན་བཟང་པོ་འཁོར་བ་ཐེ་མི་ཚོམ། 

རྒྱལ་དམངས་ལོ་དགུ་པར་ཧ་ཅང་ཡ་མཚར་བའི་དོན་དག་ཅིག་བྱུང་མྱོང་།  དེ་ཡང་རི་ནང་དུ་འཚོ་སྡོད་བྱེད་པའི་ཁྱིམ་ཚང་ཞིག་གིས་གཉེན་སྟོན་གྱི་མཛད་སྒོ་སྤེལ་ཟིན་པའི་ཉིན་དྲུག་པར་ཁྱིམ་མི་ཡོངས་ཀྱིས་མེས་པོ་གོང་མ་རྣམས་ལ་མཆོད་སྦྱིན་བྱེད་བཞིན་པའི་ཚེ་གློ་བུར་དུ་རྔོན་པས་བདས་པའི་ཤྭ་བ་སྔངས་སྐྲག་ཅན་ཞིག་རྒྱུགས་ཏེ་མཆོད་སྦྱིན་བྱ་སའི་ཅོག་ཙེའི་འོག་ཏུ་གབ།  བག་གསར་དེ་སྙིང་རྗེ་ཅན་གྱི་བུད་ཅིག་ཡིན་པས་འཕྲལ་དུ་ཤྭ་བ་བསྐུངས།   

ཅུང་མ་འགོར་བར་རྔོན་པས་རྗེས་བསྙེགས་ཏེ་སླེབས་པ་དང་ཤྭ་བ་ངའི་ཡིན་པས་མྱུར་དུ་སྤྲོད་པར་གྱིས་ཤིག་ཅེས་སྲས། བག་གསར་མ་བཟོད་དེ་རྔོནཔའི་ལག་ནས་ཉོ་རྩིས་བྱས།  རྔོན་པས་གླགས་བཙལ་ཏེ་དངུལ་རྡོག་ཉི་ཤི་མ་བྱིན་ན་མི་བཙོང་སྨྲས།  ཕྱོགས་གཉིས་ཀས་ཉིན་ཕྱེད་ཙམ་དུ་བརྩད་པས་མཐར་དངུར་རྡོག་བཅོ་ལྔ་རུ་ཕབ།  རིན་གོངགཏན་ཁེལ་ཟིན་རྗེས་བག་གསར་གྱི་སྒྱུག་པོ་སྒྱུག་མོའི་ངོ་གདོང་ལས་མི་དགའ་བའི་རྣམ་འགྱུར་བསྟན། དེ་ཡང་ཐེངས་དེར་བག་མ་ལེན་པ་ལ་དངུར་རྡོག་བཅོ་ལྔ་གཏོང་དགོས་པས་དེ་ལས་གཞན་པའིསྒོར་མོ་ཁྱིམ་ལ་མེད་པ་རེད།  བག་གསར་གྱིས་རང་ཉིད་ཀྱི་བག་རྫོངས་དངུལ་རྡོག་བཅོ་ལྔ་པོ་ཡོད་ཚད་བཏང་སྟེ་ཤྭ་བ་ཉོ་བའི་རེ་འདོད་ཡོད་ཅེས་ཞུས།  ཁྱིམ་མི་ཀུན་ཐབས་ཟད་ནས་དེ་མོས་མཐུན་བྱསཀྱང་དེ་ནི་གླེན་པ་མཐར་ཐུག་ཅིག་རེད་སྙམ། 

རྔོན་པས་དངུལ་ལག་ཏུ་ཐོབ་སྟེ་དེངས་རྗེས་བག་གསར་གྱིས་ཅོག་ཙེའི་འོག་ནས་ཤྭ་བ་བླངས་ནས་བྱིལ་བྱིལ་འགའ་བྱས།  ཤྭ་བ་ཡང་མཆོང་ལྡིང་གིས་ནགས་ནང་དུ་བརྒྱུགས།

ལོ་འགའ་ཞིག་གི་རྗེས་བག་གསར་གྱིས་བུ་ཞིག་བཙས་ཤིང་ལོ་འཁོར་གཅིག་ལོན་པའི་ཉིན་དེར་ཁྱིམ་མི་ཀུན་ལས་ལ་བྲེལ་བས་རློན་བུ་ར་སྐོར་ནང་གི་འདུག་ཁྲིའུ་ཞིག་གི་སྟེངདུ་བཞག   དེའི་ཚེ་ཤྭ་བ་དེ་ཉིད་སླར་ཡང་ཐོན་ནས་རྭ་ཅོས་འདུག་ཁྲིའུ་སྟེང་གི་རློན་བུ་ཁྱེར་ཏེ་ཕྱི་རོལ་ཏུ་བརྒྱུགས། ཁྱིམ་མིས་ཤྭ་བས་རློན་བུ་བརྐུས་པ་མཐོང་ནས་མྱུར་དུ་ཤྭ་བ་བདས། རི་འདབས་སུ་བསྙེགས་རྗེས་གློ་བུར་དུ་སྒྲ་ཆེན་པོ་ཞིག་གྲགས་ཤིང་ཀུན་གྱིས་ཕྱིར་འཁོར་ཏེ་བལྟས་པས་ཁང་རྒྱབ་ཀྱི་རི་བོ་མཐོན་པོ་དེ་ཉིལ་ནས་གྲོང་ཚོ་སྐད་ཅིག་ཉིད་དུ་ཐལ་བ་རྡུལ་དུ་བརླགས།   

དེ་ཚེ་ཤྭ་བས་རློན་བུ་དལ་མོར་ས་རུ་བཞག་སྟེ་རི་སུལ་དུ་བརྒྱུགས་ནས་ཡལ། ཁྱིམ་མི་རྣམས་ཀྱིས་ད་གདོད་གནས་ཚུལ་ཧ་གོ་སྟེ་དེ་ནི་ཤྭ་བས་བག་གསར་དེས་སྲོག་བསྐྱབས་པའི་བཀའ་དྲིན་འཇལ་ཆེད་རློན་བུ་རྐུ་བར་བརྫུས་ནས་ཁྱིམ་མི་ཡོངས་རྫོགས་ཕྱི་རུ་དྲངས་པ་རེད།

དེ་དང་མཚུངས་པར་ཐང་ཧྲིན་ས་ཡོམ་ཆེན་མོའི་སྐབས་སུ་ཡང་དེ་དང་ཆ་འདྲ་བའི་དངོས་དོན་ཞིག་བྱུང་འདུག

མི་ཞིག་གིས་སྟབས་ལེགས་པའི་གནས་ཚུལ་འོག་ཝ་ཞིག་ཚེ་ཐར་བཏང་།  ཐར་ཧྲིན་ས་ཡིམ་ཆེན་མོའི་སྔོན་ཏེ་༡༩༧༦ལོའི་ཟླ་༧ཚེས་༢༨ཉིན་གྱི་ནམ་གུང་དུས་ཚོད་གསུམ་པའི་གཡས་གཡོན་ཙམ་དུ་ཝ་དེ་གློ་བུར་སླེབ་ནས་ཁོའི་སྒོ་ལ་སེན་མོས་འབྲད།  ཁོ་མལ་ལས་ལངས་ཤིང་སྒོ་ཕྱེས་ཏེ་བལྟས་པས་ཝ་དེས་ལྷམ་ལ་དམ་པོར་འཐམ་ནས་ཕྱི་རུ་འཐེན་པས། ཁོས་ཅི་ཞིག་བྱུང་ཡོད་མེད་མ་ཤེས་ཀྱང་ཝ་ཡི་རྗེས་སུ་ཕྱི་རོལ་གྱི་ས་ཆ་ཁོད་སྙོམ་ས་ཞིག་ཏུ་སླེབས་སྐབས་གློ་བུར་དུ་རི་འགས་མཚོ་སྐྱོམ་ལྟ་བུས་ས་ཡོམ་ཆེན་མོ་བརྒྱུགས།

ས་ཡོམ་རྒྱུགས་རྗེས་ཀྱི་ལོ་མང་པོའི་རྗེས་སུ་མི་དེས་ཝ་དེ་གླེང་ཐེངས་རེར་བཀའ་དྲིན་ཆེན་པོ་ཞུ་བཞིན་འདུག་ཅིང་།  ཁོས་རྟག་ཏུ་ན་རེ།  སའི་གོ་ལ་ནི་ཁྱིམ་ཚང་ཆེན་མོ་ཞིག་ཡིན་ཞིང་དུད་འགྲོ་ཕལ་མོ་ཆེ་ནི་མིའི་རིགས་ཀྱི་འཚོ་གནས་དང་འབྲེལ་བ་ཆེན་པོ་འདུག  དུད་འགྲོ་རྣམས་ཀྱིས་སྐད་ཆ་སྨྲ་མི་ཤེས་རུང་ངེ་ཅག་འདྲ་བའི་བསམ་བླ་དང་ཚོར་བ།  སྙིང་རྗེ་དང་ལྡན་པ་རེད་ཅེས་ཟེར་རོ། ། ང་ཚོས་དུད་འགྲོའི་བཟང་ལན་ལ་མི་རེ་ཡང་དུད་འགྲོ་ལ་བྱམས་བརྩེས་སྐྱོང་བ་ནི་ངེད་ཅག་གི་འོས་འགན་ཡིན།  དེའི་ཕྱིར་གལ་སྲིད་ཆ་རྐྱེན་འཛོམས་ན་ང་ཚོས་ལོ་རྟག་པར་སྲོག་བླུ་བྱེད་དགོས། 

དོན་དུ་སྐབས་ལ་ལར་སྲོག་བླུ་བྱེད་པ་ལ་སྒོར་མོ་གཏོང་མི་དགོས། དཔེར་ན་ཆར་བ་འབབ་སྐབས་ལམ་དུ་ས་འབུ་ཡོད་པ་དག་གམ། ཡང་ན་གནམ་གཤིས་ཚ་གདུང་ཆེ་སྐབས་འབུ་ཆུང་འགའ་ཞིག་ཚ་བས་འཆི་ལ་ཉེ་སྐབས་དེ་དག་གནས་བསིལ་མོ་དང་བདེ་འཇགས་ལྡན་ས་ཞིག་ཏུ་བཞག་ན་དེ་ཡང་སྲོག་བླུ་ཞིག་ཡིན། མི་ལ་ལ་ཞིག་ལ་མཚོན་ནས་བཤད་ན་དུད་འགྲོ་ཞིག་གི་ཚེ་སྲོག་ལ་རིན་ཐང་ཤིན་ཏུ་ཆུང་བ་དང་སྨྲ་རིན་མེད་པ་ཞིག་ཡིན་ཡང་དུད་འགྲོ་ཁོ་རང་ལ་མཚོན་ན་ནི་རང་ཉིད་ཀྱི་ཚེ་སྲོག་ནི་དངོས་པོ་ཐམས་ཅད་ལས་རིན་ཐང་ཤིན་ཏུ་ཆེ་བ་ཞིག་ཡིན། 


མཁན་པོ་བསོད་དར་རྒྱས་ཀྱིས་གསུངས། བསྒྲུབས་ན་འགྲུབ་ཅེས་པའི་ལེའུ་དང་པོ་ལས།

                    



    您可能也对以下帖子感兴趣

    文章有问题?点此查看未经处理的缓存