查看原文
其他

དབྱངས་ཅན་མ་ལ་བསྟོད་གསོལ་དབྱངས་ངེས་པའི་བྱ་དཀའི་ཚིམ་དུམ

ཆོས། Qiu1980 2021-06-01

དབྱངས་ཅན་མ་ལ་བསྟོད་གསོལ་དབྱངས་ངེས་པའི་བྱ་དཀའི་ཚིམ་དུམ

མཚར་མཚར་རྒྱན་ཆས་སྤྲས་ནས་སྟངས་སྟབས་བཅས། །རབ་དཀར་ཟླ་གདན་ལ་གནས་ཚངས་སྲས་མ། །འཇམ་དབྱགས་དགའ་མར་གྲགས་འབར་སྒྲ་ལྡན་ལྷ། །སྙན་ངག་སྨྲ་ལ་མཁས་སླད་བདག་ཕྱག་འཚལ། །


ཏིང་འཛིན་པིར་གྱིས་བྲིས་པའི་ཡིད་འཛིན་གྱི། །གཟུགས་གྲུབ་ཕུར་བྱུང་ཟུང་འཇུག་སྒྱུ་འཕྲུལ་སྐུ། །མཁྱེན་གཏེར་ཡེ་ཤེས་ཆེས་ཆེར་འཕེལ་བྱེད་གཉེན། །བསྟོད་དོ་དགོས་འདོད་བློ་གྲོས་མཆོག་སྩོལ་མཛོད། །



དང་བས་གསལ་བཏབ་བསམ་གཏན་ངང་ལ་གནས། །བཟླས་སྔགས་རབ་བགྲངས་འཛབ་གྲངས་མཐར་བསྐྱར་ནས། །ལས་རྣམས་ཚད་ལྡན་ལྷ་དང་སྐལ་མཉམ་སླད། །ཡང་ཡང་འབད་པས་མན་ངག་གནད་སྦྱར་ན། །


ཇི་བཞིན་ཉིད་ཀྱི་རིམ་གཉིས་ཆིག་དྲིལ་གྱིས། །བརྟུལ་ཞུགས་ལྷུན་གྲུབ་ཡུལ་གསུམ་སྐུ་གསུམ་དུ། །རྗེས་ཤེས་ངེས་རྙེད་ཡེངས་མེད་རྗེན་ཡེར་རེ། །མོས་སྒོམ་མངོན་རྟོགས་ཡོངས་དོར་མཆོག་དངོས་འཐོབ། །དབྱངས་ཅན་མའི་བཟླས་སྔགས་ལ་གཞོལ་སྐབས་ཤིག་ལ་རྩེད་འཇོའི་ཚུལ་དུ་བྲིས་པའོ།


ཁྱིམ་ནས་མངོན་པར་བྱུང་བའི་ཚོར་སྣང་།

དམར་ཆུང་སེམས་པ་གཙང་པོའི་ཆུ་ལ་བསྐྱུར། །རྒྱ་སེའི་མེ་ཏོག་ཐལ་བའི་གསེབ་ཏུ་བོར། །གནམ་སྣུམ་སྐྲ་ལོ་རལ་གྲིའི་ཟས་ལ་བྱིན། །འཁོར་བའི་ཆོས་ལ་བཞི་ཤད་རི་མོ་བྲིས། །


གྱེས་ཁའི་ཕྱི་མིག་མདུན་ནས་རྒྱབ་ཏུ་འཕངས། །ཕ་ཡུལ་རི་ལྗོངས་ན་བུན་གསེབ་ཏུ་བསྐྱུར། །ན་གཞོན་ང་དང་སྟོན་གྱི་ཤིང་ལོ་གཉིས། །ལས་ཀྱི་རླུང་གིས་ཕྱོགས་མེད་གནས་སུ་སྤུར། །ནུབ་ཁའི་ཉི་འོད་གསེར་ཏོག་ངོས་སུ་འཁྱུད། །བྱེའུ་ཆུང་འཇོལ་མོ་བྱ་འདབས་པང་དུ་བསྙེགས། །དགུང་ཁའི་གཟིམས་དུང་དལ་གྱིས་གཉིད་དུ་ཡུལ། །ལྷིང་འཇགས་དགོན་པའི་མཚན་མོ་བག་རེ་ཕེབས། །


སྒེའུ་ཁུང་ནང་ནས་རྒྱང་རིང་ནམ་མཁའ་མཐོང་། །ཚེས་བརྒྱད་ཟླ་བ་ཕྱེད་ཆས་བྲི་གྱུར་ཀྱང་། །རབ་དགའི་ཆ་རྫོགས་ཡིད་ཀྱི་རི་བོང་ཅན། །བློ་བདེའི་ལྷ་ལམ་ངོས་ན་འོད་དུ་འཚེར། །


གྲྭ་ཁང་ནང་གི་རྨི་ལམ་ཚོན་མ་ཡིས། །སྤུ་ལོང་རྒྱས་པའི་ངེས་འབྱུང་སྙིང་ནས་བསླངས། །ཞོག་པའི་ཆོས་སྒྲ་དྲིལ་གཡེར་སྒྲ་དང་བསྡེབས། །དགའ་སྐྱོ་འབྲེལ་བའི་མཆི་མ་སྙིང་ལ་ལྷུང་། །


ཟླ་འོད་ཟིལ་དཀར་དལ་གྱིས་ལེན་པ་ཡི། །མི་འབྲེལ་གྲྭ་ཤག་བསྟར་བའི་ཁོར་ཡུག་ནས། །ཞི་དུལ་དགེ་སྦྱོང་བཙུན་པའི་ཁྱུ་འཁྲིགས་པས། །དད་བརྒྱའི་འདུན་མ་ཐར་བའི་ཕྱོགས་སུ་བསྒྱུར། །


འདས་དོན་འཁོར་བའི་སྣང་བརྙན་སོར་རྩེ་ཡིས། །སྙན་ཚིག་གཟུགས་སུ་ཕབ་པའི་ཡིག་ཆུང་དེ། །ན་བཟའ་དཀར་མོའི་ཁམས་སུ་རྒྱས་བཏབ་པས། །སྙིང་གི་དབུས་སུ་བདེ་བའི་དྲོད་ཁོལ་འབར། །


མི་ཚེ་ཕྱེད་ཀྱི་ཡུན་ལ་བཙལ་བ་ཡི། །ཞི་བའི་ཕ་ཁྱིམ་རྙེད་པའི་དགའ་བ་འདིས། །ཡུན་རིང་དུབ་པའི་སེམས་ཉིད་ངལ་སོས་ཕྱིར། །ད་ནི་མིག་ཟུང་ཟུམ་ཡང་འགྱོད་པ་ཅི། །


དབེན་གསུམ་རི་བོའི་ངོགས་སུ་གནས་བཅས་ནས། །དབུ་སྐྱེས་ལོ་ཟླའི་ཚོན་གྱིས་དཀར་བ་ཡི། །མཚུངས་བྲལ་བླ་མའི་རྗེས་ཞུགས་ཚེ་དང་ཆོས། །སྙོམས་པའི་ཞེ་དམ་སྙིང་ལ་རི་མོར་འབྲི། །


དུར་ཁུང་ནང་གི་ཨ་མ་རྒན་མོ་དེས། །ཕྱི་མའི་ཡུལ་ནས་དུང་བའི་ཤི་མིག་གིས། །བུ་ཡིས་ཆོས་ལམ་བསྙེགས་པའི་ལྟད་མོ་དེ། །ཀྱེ་མ་དངོས་སུ་མཐོང་ན་དགའ་བ་ལ། །

ཞེས་པ་འདི་ནི།  ཀྱེ་མ་གྲྭ་རྐྱང་མལ་ས་འཁྱག་ཤུར་ཤུར། །ཞེས་པའི་རྩོམ་ཡིག་ཅིག་མཐོང་བས་རྐྱེན་བྱས་ཏེ་རྩེད་འཇོའི་རོལ་པས། ༢༠༠༣ལོའི་ཟླ་༡༢ ཚེས་༢༢ལ་བླ་རུང་ནས།  

                    





    您可能也对以下帖子感兴趣

    文章有问题?点此查看未经处理的缓存