查看原文
其他

མི་རིགས་ཀྱི་མ་འོངས་པའི་བླང་བྱ་ཡང་དག་པའི་འཚོ་ཐབས་རྣམ་གསུམ། ​

关注 佛陀之音家 2022-12-09












 

མཛད་པ་པོ། མཁན་པོ་ཚུལ་ཁྲིམས་བློ་གྲོས།

བླང་བྱ་ཡང་དག་པའི་འཚོ་ཐབས་རྣམ་གསུམ།

 འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སྐྱེ་བོ་རྣམས་ནི་རང་གི་འབད་པ་ལ་བརྟེན་ནས་རང་གི་ཁ་གསོ་དགོས་པ་ཡིན་ལ། དེ་ཡང་འགའ་རེ་ལ་སྔོན་གྱི་བསོད་ནམས་ཀྱི་མཐུ་ལས་ཚེགས་ཆུང་ངུའི་སྒོ་ནས། ཁ་ཅིག་ནི་དེར་མ་ཟད་སྡུག་བསྔལ་དང་སྡིག་པ་སྣ་ཚོགས་པས་འཚོ་བ་ཡང་ཡོད། འཚོ་བའི་ཐབས་ཚུལ་མི་འདྲ་བ་དེ་རྣམས་ཀྱི་དབང་གིས་འཚོ་བའི་དོན་སྙིང་ཡང་མི་འདྲ་ཞིང་འཚོ་བའི་མཇུག་འབྲས་ཀྱང་མི་འདྲ་སྟེ། འགའ་ཞིག་གིས་ནི་ཚེ་འདིའི་འཚོ་ཐབས་ཀྱི་ཕྱིར་དུ་འདི་དང་ཕྱི་མ་གཉིས་ཀའི་མདུན་ལམ་རླག་པར་བྱེད། ཁ་ཅིག་གིས་ནི་ཚེ་འདིར་ལོངས་སྤྱོད་ཅུང་ཟད་འབྱོར་ཡང་ཕྱི་མར་ངན་སོང་གསུམ་ལས་འགྲོ་ས་མེད་པ་ཞིག་བྱེད། ལ་ལས་ཚེ་འདི་ལའང་མཐར་གྱིས་རང་གཞན་ཐམས་ཅད་ས་སྟེང་དུ་གནས་ཐབས་དང་བྲལ་བ་ཞིག་བྱེད་དོ། །

 མིའི་སྤྱི་ཚོགས་འདི་ནོར་དབུལ་ཕྱུག་མི་མཉམ་པ། ཁེ་དྲག་ཞན་མི་མཉམ་པ། དབང་ཆེ་ཆུང་མི་མཉམ་པ། འཚོ་བའི་སྤུས་ཀ་དང་འཚོ་བའི་དོན་སྙིང་དང་འཚོ་བའི་ཐབས་ཚུལ་མི་མཉམ་པ་སོགས་མི་མཉམ་པ་སྣ་ཚོགས་གཞི་གཅིག་ཏུ་འཛོམས་པའི་འགལ་འདུའི་ཕུང་པོ་ཆེན་པོ་ཞིག་ཡིན། འོ་ན་རང་རེ་བོད་གངས་ཅན་པའི་སྐྱེ་བོ་རྣམས་ཀྱི་འཚོ་ཐབས་ཅི་ལྟར་བྱ་དགོས་ཤེ་ན། རང་རེའི་མི་རིགས་འདི་ནི་སྔོན་ནས་ད་བར་དུ་ཆོས་དང་དཀོན་མཆོག་ལ་བློ་ཕུགས་བཅོལ། ལས་རྒྱུ་འབྲས་ལ་ཚད་ཤིང་བྱེད། ཚེ་སྔ་ཕྱི་ལ་བླང་དོར་བྱེད། དྲང་བདེན་གྱིས་ཁོག་བསྲིང་། བྱམས་སྙིང་རྗེས་ཟུར་བརྒྱན་ནས་འཚོ་གནས་བྱེད་པ་ཞིག་ཡིན། མ་འོངས་པ་ནའང་མེས་པོའི་རིག་གནས་ཁྱད་པར་བ་དེའི་ཐོག་ཏུ་དེང་རབས་ཀྱི་འཚོ་ཐབས་གསར་བའི་ལེགས་ཆ་རྣམས་བསྣན་ནས་བེད་སྤྱོད་བྱ་དགོས་པ་ཡིན། དེ་ལྟ་ན་ཡང་དག་པའི་འཚོ་ཐབས་ནི་རྣམ་པ་གསུམ་ཡིན་ཏེ། རབ་རིག་གནས་ཀྱི་འཚོ་ཐབས་དང་། འབྲིང་ལག་ཤེས་ཀྱི་འཚོ་ཐབས་དང་། ཐ་མ་ངལ་རྩོལ་གྱི་འཚོ་ཐབས་སོ། །

འཚོ་ཐབས་རྣམ་གསུམ་གང་ཞེ་ན།འཚོ་ཐབས་རྣམ་གསུམ།


རབ་རིག་གནས་ལ་བརྟེན་ནས་འཚོ་བ་ནི།

དེང་རབས་ཀྱི་འཚོ་ཚུལ་རྣམས་ཀྱི་ནང་ནས་གལ་ཆེ་ཤོས་ཤིག་ཡིན། འཚོ་བ་སྐྱེལ་ཐབས་ཀྱི་རིག་གནས་ཀྱི་རྣམས་གྲངས་ནི་བགྲང་གིས་མི་ལངས་པ་ཞིག་དེང་སང་འདུག་པས་འདི་དག་ལ་རང་རེ་གངས་ཅན་པ་རྣམས་ཀྱིས་ཀྱང་སློབ་སྦྱོང་ནན་པོ་བྱ་དགོས། དེ་ཡང་རང་རེའི་བུ་ཕྲུག་ཡོངས་རྫོགས་སློབ་གྲྭའི་ནང་ནས་རིག་གནས་ལེགས་པོ་སློབ་སྦྱོང་བྱེད་ཐུབ་པ་འདི་རྩ་བའི་མདོ་འགག་ཡིན་པས་འདི་ནས་མགོ་རྩོམ་དགོས། དེ་ལ་ཕ་མ་ཐམས་ཅད་ཀྱིས་རིག་གནས་ལ་སློབ་སྦྱོང་བྱ་བ་འདིའི་གལ་ཆེ་བའི་རང་བཞིན་ངོས་ཟིན་པར་བྱས་ཏེ། དཀའ་ངལ་ཅི་ཡོད་ཐམས་ཅད་ཁྱད་དུ་བསད་ནས་བྱིས་པ་རྣམས་སློབ་གྲྭ་རིམ་པ་ཁག་གི་ནང་དུ་སྐྱེལ་ཐུབ་པ་བྱ་དགོས། དེ་ལྟར་བྱས་ན་ལོ་བཅུ་ཕྲག་གཅིག་ལྷག་གམ་གཉིས་ཙམ་གྱི་རྗེས་ནས་མི་མང་པོ་ཞིག་གིས་རིག་གནས་སྣ་ཚོགས་པ་ལ་བརྟེན་ནས་འཚོ་བ་སྐྱེལ་ཐུབ་ཅིང་། དེར་མ་ཟད་མི་གཞན་པ་མང་པོའང་དེ་རྣམས་ཀྱི་མཐུས་འཚོ་བ་བཟང་པོ་དང་འཕྲད་པར་འགྱུར་རོ། །  ཁ་ཅིག་གིས་སློབ་གྲྭར་ཕྱིན་ཡང་ལས་བྱེད་པའི་གོ་གནས་མི་རྙེད་པས་དོན་མི་འདུག་ཟེར། དེ་ནི་ནོར་བ་ཁོ་ན་ཡིན་ཏེ། རིག་གནས་སྦྱངས་ཚད་ཐམས་ཅད་ལས་བྱེད་པའམ་གཞུང་ཞབས་པ་འབའ་ཞིག་གི་ནང་དུ་འགྲོ་ཐུབ་མཁན་གྱི་མི་རིགས་གཅིག་ཀྱང་མེད་དོ། །གཞུང་ཞབས་པའི་འགན་གནས་ཤིག་རྙེད་ན་ལྕགས་ཀྱི་ཕོར་བ་ལག་ཏུ་ལོན་པ་དང་། ལྕགས་ཀྱི་ཕོར་བ་དེའི་ནང་དུ་ནམ་རྒྱུན་འོས་ཐོབ་གྱི་བཟའ་བཅའ་བཏུང་བ་རྣམས་ལས་ལྷག་པའི་རྙེད་པའང་མང་པོ་ཞིག་ཡོང་གིན་ཡོད་པ་ཐམས་ཅད་ཀྱིས་ཤེས་པས་དེ་ལ་ཡིད་སྨོན་བྱེད་མཁན་ཧ་ཅང་མང་། ཐ་ན་སློབ་ཆུང་གི་དགེ་རྒན་རིག་གནས་དང་མིའི་འབྲེལ་བ་ཅུང་ཟད་ཡོད་པ་ཞིག་ཡིན་ནའང་སློབ་ཁྲིད་ཀྱི་བྱ་བ་ལ་མོས་པ་དོར་ནས་དེའི་ནང་དུ་འགྲོ་ཐབས་རྐྱང་པ་ལ་བསམ་བློ་གཏོང་བར་བྱེད་མོད། འོན་ཀྱང་གཞུང་ཞབས་པའི་འགན་གནས་མ་རྙེད་ཀྱང་རང་ཉིད་ལ་རིག་གནས་ཡོད་ན། སྤྱི་ཚོགས་ཐོག་ནས་བྱ་བ་མང་པོ་གཉེར་ཆོག་ཅིང་། ལས་བྱེད་པའི་ཟླ་ཕོགས་ལས་ཆེས་ལྷག་པའི་ཡོང་འབབ་བསྒྲུབ་ཏུ་ཡོད་པའི་ཕྱིར་རིག་གནས་ལ་སློབ་སྦྱོང་བྱ་དགོས། དེས་ན་བོད་ཀྱི་སློབ་ཆེན་གྱི་སློབ་མའམ་ཞིབ་འཇུག་སློབ་མ་སོགས་ཀྱིས་རང་གི་ལྕགས་ཕོར་རྐྱང་པ་ལ་བསམ་བློ་མི་གཏོང་པར་ཚོང་ལས་སམ་དཔལ་འབྱོར་རིག་པ་སོགས་བོད་མི་མང་གི་འཚོ་བ་ལ་ཕན་ཐོགས་ཡོད་པའི་ཆེད་ལས་རེ་ལ་དཔྱིས་ཕྱིན་པར་སྦྱངས་ཤིང་མི་སྒེར་གྱི་ཁེ་ལས་གཉེར་ན་དེས་མི་མང་པོའི་དཀའ་ངལ་ཐག་གཅོད་ལེགས་པོ་བྱེད་ཐུབ་པས་དེ་ཕྱོགས་ལ་འབད་པ་གལ་ཆེའོ། ། ལར་ལོ་བཅུ་ཕྲག་གི་གོང་དང་བསྡུར་ན། ད་ལྟ་བོད་ཀྱི་དམངས་ཁྲོད་དུ་རིག་གནས་སློབ་པ་གལ་ཆེ་བའི་ངོས་ཟིན་དེ་ཇེ་བཟང་ལ་འགྲོ་བར་འདུག །འོན་ཀྱང་ད་དུང་མ་འདང་པའི་ཆ་ཧ་ཅང་མང་བས་འདིའི་ཐོག་ལ་ཐམས་ཅད་ཀྱིས་ཤུགས་སྣོན་བྱ་རྒྱུ་ཤིན་ཏུ་གལ་ཆེ་སྟེ། རིག་གནས་ཡོད་ན་ཁ་གསོ་རྒྱུ་ལས་སླ་མོ་ཡིན་པའི་ཕྱིར་རོ།། །།

འབྲིང་ལག་ཤེས་ལ་བརྟེན་ནས་འཚོ་བ་ནི།

གལ་ཏེ་སློབ་གྲྭ་ཆུང་རིམ་ནས་བཟུང་མཐར་གྱིས་རིག་གནས་སྦྱངས་བའི་ན་ཚོད་ཡོལ་ཟིན་པ་སོགས་ཀྱི་དབང་གིས་རིག་གནས་ལེགས་པོ་བསླབ་མི་ནུས་ན། ལག་ཤེས་གང་རུང་ཞིག་སྦྱང་བར་བྱ་སྟེ། འདི་ཡང་དེང་སང་གི་འཚོ་ཐབས་གཙོ་བོ་རྣམས་ཀྱི་ཡ་གྱལ་ཞིག་ཡིན། ལོ་ཉིས་བརྒྱ་ལྷག་གི་གོང་རོལ་དུ་ནུབ་ཕྱོགས་སུ་བཟོ་ལས་གསར་བརྗེ་དར་བ་ནས་བཟུང་འཛམ་གླིང་ཡོངས་ལ་ཁྱབ་པའི་ལག་ཤེས་སྣ་ཚོགས་པ་དང་། ཁྱད་པར་དུ་མཐོ་རིམ་ཚན་རྩལ་གྱི་སྐོར་ཤིན་ཏུ་མང་པོ་སྦྱང་རྒྱུ་ཡོད་ཀྱང་འདི་དག་ཕལ་ཆེར་བོད་པས་གཅིག་ཀྱང་མི་ཤེས་པས། སློབ་ཆེན་གྱི་སློབ་མ་རྣམས་ཀྱིས་མཐོ་རིམ་སློབ་གྲྭ་ནས་སུམ་རྟགས་སྙན་ངག་ཙམ་གྱིས་ཆོག་པར་མི་འཛིན་པར་འདི་རྣམས་ལའང་འབད་བརྩོན་བྱ་དགོས། ཆེན་པོ་མ་ཤེས་ཀྱང་ཐ་ན་དེང་རབས་ཀྱི་ཁང་པ་བཟོ་བསྐྲུན་སོགས་ཨར་ལས་ཀྱི་སྐོར་ཆ་ཚང་ཞིག་ཤེས་ན་དེས་ཀྱང་དཔལ་འབྱོར་ལ་ཕན་པ་ཆེན་པོ་ཡོད་པར་མཐོང་སྟེ། ཁང་པ་ཞིག་ལ་མཚོན་ན་ཐོག་མར་ས་བརྟག་པ་དང་། དེ་ནས་འཆར་འགོད་བྱེད་པ་དང་། མཐར་བཟོ་སྐྲུན་བྱེད་པ་སྟེ། དེ་རྣམས་ཐམས་ཅད་བོད་པ་རང་གིས་བྱས་ན་ཆོག་པས་ཡོང་འབབ་ཐམས་ཅད་རང་ལ་འོང་པ་ཡིན། དེ་བཞིན་དུ་གཞན་མང་པོ་ཞིག་ལའང་ཤེས་པར་བྱའོ། །   སྒོས་སུ་བོད་མི་རིགས་རང་ལའང་ལག་ཤེས་ཧ་ཅང་མང་པོ་ཡོད་དེ། རྡོ་བཟོ། ཤིང་བཟོ། རྫ་བཟོ། མགར་བ། འཁེལ་འཐག འཚེམ་དྲུབ། རི་མོ། བཅའ་བཟོ། བཟའ་བཏུང་བཟོ་བ། ལྷ་བཟོ་སོགས་བཟོའི་རྣམས་གྲངས་ཤིན་ཏུ་མང་ཞིང་། དེ་རྣམས་རེ་རེ་ལའང་ནང་གསེས་ཀྱི་དབྱེ་བ་དུ་མ་ཡོད་པས་དེ་རྣམས་ལེགས་པར་བསླབས་ན་དེས་འཚོ་ཐབས་བཟང་པོ་རྙེད་པ་མངོན་སུམ་བལྟ་སར་ཡོད་པ་འདི་ཡིན། འོན་ཀྱང་ད་ལྟ་བོད་ཀྱི་སྨན་བཟོ་བ་དང་སྤོས་བཟོ་དང་། སྐུ་ལྡུག་པ་དང་། ཁྱིམ་ཆས་བཟོ་བ། མགར་སོགས་ལག་ཤེས་མང་པོ་ཞིག་གཞན་རྣམས་ཀྱིས་ཁྱེར་ནས་བེད་སྤྱོད་བྱེད་བཞིན་ཡོད། བོད་རྣམས་ཀྱིས་མཐོ་རིམ་ཚན་རིག་ལག་རྩལ་སྦྱང་མ་ཐུབ་ཀྱང་། རང་ལ་སྔོན་ནས་ཡོད་པའི་སྲོལ་རྒྱུན་གྱི་ལག་རྩལ་འདི་རྣམས་ལ་སློབ་སྦྱོང་བྱེད་མི་ཐུབ་དོན་མི་འདུག་པས་ན་གཞོན་རྣམས་ཀྱིས་སློབ་སྦྱོང་བྱ་རྒྱུ་དང་། ལག་ཤེས་པ་རྒན་པ་འགའ་རེ་ལྷག་ཡོད་པ་རྣམས་ཀྱིས་ལྷག་བསམ་རྣམ་དག་གི་སྒོ་ནས་སློབ་ཁྲིད་གནང་དགོས་ཏེ། བོད་ལྟ་བུ་མི་གྲངས་ཉུང་ངུ་ཞིག་གི་ཁ་སོས་པའི་རིག་གནས་དང་ལག་ཤེས་རང་ཅག་ལ་ཡོད་པས་འདི་རྣམས་མ་ཉམས་པར་བྱེད་པ་གནད་ཆེའོ། །  ཁ་ཅིག་གིས་ད་ལྟ་འཕྲུལ་ཆས་ཀྱི་བཟོ་ལས་འདི་ཙམ་ཞིག་དར་བས་རང་རེའི་ལག་ཤེས་ཀྱི་ཐོན་རྫས་ལ་རིན་ཐང་ཅི་ཡང་མེད་སྙམ་ན། དེ་ནི་ནོར་བ་ཡིན་ཏེ། འཕྲུལ་ཆས་བཟོ་གྲྭའི་ཐོན་རྫས་ལ་དེའི་རིན་ཐང་ཡོད་ཅིང་། མི་རིགས་ལག་ཤེས་ཀྱི་ཐོན་རྫས་ལ་དེ་རང་ཉིད་ཀྱི་རིན་ཐང་ཡོད་པས་དེ་གཉིས་གཅིག་ཡོད་པས་གཅིག་མེད་པར་བྱ་མི་དགོས་སོ།། །།

ཐ་མ་ངལ་རྩོལ་ལ་བརྟེན་ནས་འཚོ་བ་ནི།

རིག་གནས་དང་ལག་རྩལ་གཉིས་ཀ་བསླབ་པའི་སྐལ་བ་མེད་པ་རྣམས་ཀྱི་ངལ་རྩོལ་ལ་བརྟེན་ནས་འཚོ་བར་བྱེད་དགོས། དེ་ཡང་ཞིང་ལས། ཕྱུགས་ལས། ཞོར་ལས། ཞབས་ཕྱིའི་ལས་རིགས། ཚོང་ལས། བཟའ་བཏུང་ལས་རིགས་སོགས་དེང་རབས་ཀྱི་སྤྱི་ཚོགས་སུ་ངལ་རྩོལ་གྱི་རྣམས་གྲངས་ཤིན་ཏུ་མང་པོ་ཡོད། གལ་ཏེ་ཚོང་ལས་གཉེར་བའི་མ་དངུལ་སོགས་ཅི་ཡང་མེད་པ་ཞིག་ཡིན་ཡང་ལུས་པོ་ཁོ་ནས་བསྒྲུབ་པར་བྱ་བའི་ངལ་རྩོལ་ཀྱང་མང་པོ་ཡོད། མ་རྩའི་དངུལ་དང་ལག་རྩལ་ཅི་ཡང་མེད་པ་ཞིག་ཡིན་ཡང་ལུས་ཀྱིས་ངལ་རྩོལ་བྱས་ན། ད་ལྟ་ཉིན་རེ་ལ་དམངས་སྒོར་༡༠༠ ཡར་མར་རེ་རྙེད་ཀྱིན་འདུག །དེ་ལྟ་ན་ཟླ་རེ་ལ་སྒོར ༣༠༠༠ ཡར་མར་དང་། ལོ་གཅིག་གི་ནང་ནས་ཟླ་བདུན་ཙམ་རེ་ལ་ལས་ཀ་བསྒྲུབས་ན་ཡོང་འབབ་སྒོར་ཁྲི་གཉིས་ཡར་མར་ཡིན་པས་འཚོ་བའི་འགྲོ་སོང་མི་མཐོ་བའི་རོང་འབྲོག་གི་ཁ་ལེགས་པར་སོས། འོན་ཀྱང་དེང་སང་འབྲོག་པ་རྣམས་ཀྱིས། མགོའི་སྦྲ་ནག་ཕབ་ནས་རས་གུར་ཕུབ། སྒོའི་ནོར་གནག་བཤས་ནས་གྲོང་ནག་ཏུ་ལྕེབས། རོང་པ་རྣམས་ཀྱིས། ཕ་ཞིང་གྲུ་བཞི་ཚེར་མས་བཀང་། སྒྱེ་ཁ་སྒྱོ་ཁ་གཞན་ལ་བཟེད་ནས་འདུག་ཀྱང་། འཛམ་བུ་གླིང་ལ་ནི་འབྲུ་རིགས་ལོ་རེ་བས་ལོ་རེ་ཇེ་དཀོན་དུ་འགྲོ་བཞིན་འདུག ནམ་ཞིག་ན་མུ་གེ་འདྲ་བྱུང་ན་ལྕགས་ཆ་དང་སོ་ཕག་དང་ཨར་འདམ་དག་ནི་བཟར་མི་རུང་བས་ཇི་ལྟར་བྱ་སྙམ་པ་ཡིན་མི་ཤེས་སོ། །  དེས་ན་རོང་འབྲོག་གི་མི་ཕལ་ཆེ་བ་རྣམས་རང་དགར་འཁྱམས་ནས་མི་འདུག་པར་ངལ་རྩོལ་ལ་བརྟེན་ནས་འཚོ་བ་སྐྱེལ་བར་བྱ་སྟེ། འདི་དམ་པའི་ཆོས་དང་འཇིག་རྟེན་གྱི་ལུགས་གཉིས་ཀ་དང་མཐུན་པས་བརྩོན་དགོས་སོ། །  རང་རེའི་འབྲོག་པའི་སྐྱེས་པ་ཕལ་མོ་ཆེ་ཞིག་གིས་ངལ་རྩོལ་ལ་འབད་པ་ཅི་ཡང་མི་བྱེད། ལོ་གཅིག་གི་ནང་དུ་དབྱར་རྩྭ་རེ་བརྐོ་བ་མ་གཏོགས་གཞན་གྱི་དུས་སུ་རང་དགར་ལས་མེད་དལ་སྡོད་བྱེད། ས་ཆ་ལ་ལར་དབྱར་རྩྭའི་རིན་གྱི་སྒོར་འབུམ་ཕྲག་འགའ་རྙེད་མཁན་ཡོད་ཀྱང་དེ་དག་ཐམས་ཅད་དུས་ཐུང་ངུ་ཞིག་གི་ནང་དུ་ལོངས་སུ་སྤྱད་ནས་མེད་པར་གཏོང་བ་ལས། དེ་ལ་བརྟེན་ནས་འཚོ་བ་ཡར་རྒྱས་སུ་འགྲོ་ཚུལ་ལ་བསམ་བློ་གཏོང་མི་ཤེས། རང་ས་ན་ཡོད་པའི་ཡོང་སྒོ་ཐམས་ཅད་གཞན་ལ་ལེན་དུ་བཅུག་ནས། རང་ཉིད་ས་རྩོད་སྡེ་འཁྲུག་དང་གྱོད་ཁ་ཁ་མཆུ་དང་རྐུ་དང་སྲོག་གཅོད་ཀྱི་ནང་དུ་མགོ་འཁོར་ནས་སྡོད། གལ་ཏེ་ངལ་རྩོལ་གྱི་ནང་དུ་ཅུང་ཟད་རེ་ཞུགས་ཀྱང་ཚེགས་རྒྱག་མི་འདོད་པས་ཡུན་མི་ཐུབ། ཐམས་ཅད་སླ་ཆོས་ཁོ་ན་བྱེད། ཚོང་གི་ལས་ཀ་ཞིག་ལ་མཚོན་ན། ཉི་མ་གཅིག་གི་ནང་དུ་ཁེ་ཆེན་པོ་ཞིག་མཐོང་རྒྱུ་མེད་ན། རྒྱང་རིང་པོ་ལ་བསམ་བློ་བཏང་སྟེ། ཆུ་ཐིགས་བསགས་ནས་སྣོད་ཀྱི་ཁ་དགང་བ་ལྟ་བུ་ལ་མི་མོས། དྲང་བདེན་དང་སྡིག་མེད་ཀྱི་ལས་ཀ་ཡིན་ཡང་། ཁྲོམ་ལམ་གྱི་གད་བརྡར་དང་ལྷམ་ཕྱི་བ་སོགས་བྱ་བ་འགའ་རེ་ལ་དམན་པར་བཟུང་ནས་དེ་སྒྲུབ་པ་ལ་ངོ་ཚ་ཁུལ་བྱེད། དེས་ན་རྣམ་པ་འདི་དག་ལ་བསྒྱུར་བཅོས་མ་བྱུང་གི་བར་དུ་བོད་པ་རྣམས་ཀྱི་འཚོ་བ་བ་ལ་ཡར་རྒྱས་འོང་རྒྱུ་མེད་དོ།།འཚོ་ཚུལ་འདི་རྣམས་ལས་དང་པོ་གཉིས་ཀྱིས་རང་གི་ཁ་སོས་པ་ཙམ་དུ་མ་ཟད་མི་རིགས་ཀྱི་རིག་གནས་དང་ལག་ཤེས་རྣམས་མི་ཉམས་པར་བརྒྱུད་འཛིན་དང་ཉམས་པ་སླར་གསོ་བྱེད་པས་རིག་གནས་ཀྱི་ཕྱོགས་ནས་བཤད་ན་རིག་གནས་དར་སྤེལ་གྱི་བྱ་བའང་ཡིན་ཞིང་། འཚོ་ཐབས་ཀྱི་ཕྱོགས་ནས་བཤད་ན་མི་རིགས་རང་ཉིད་ཀྱི་རིག་གནས་དང་ལག་ཤེས་ལ་བརྟེན་ནས་རང་ཉིད་འཚོ་བ་ནི། གནའ་བོའི་ལུགས་དང་ད་ལྟའི་སྲོལ་གང་དང་ཡང་མཐུན་ལ། ཡ་རབས་ཚུལ་ལྡན་གྱི་འཚོ་ཐབས་རྒྱང་རིང་ལ་ཕུགས་བཙན་པ། མི་རབས་ནས་མི་རབས་ཀྱི་བར་དུ་བེད་ཆོད་པ། སུ་ལའང་འགྲམ་ཆུ་ལྡང་བ་དང་ལག་པ་བཟེད་མི་དགོས་པ། དགོས་འདོད་ཐམས་ཅད་ཀྱི་འབྱུང་གནས་ཕུལ་དུ་བྱུང་བ་ཞིག་ཡིན་ལ། འཚོ་ཐབས་གསུམ་པ་འདི་དཀའ་ངལ་ལ་མི་འཛེམ་པར་བརྩོན་པ་ཡིན། བརྩོན་པ་ཡོད་ན་མི་རྣམས་ཆོས་དང་འཇིག་རྟེན་གྱི་ལམ་གང་གི་ཐོག་ནས་ཀྱང་ཡར་རྒྱས་སུ་འགྲོ་ཐུབ་ཅིང་། བརྩོན་པ་མེད་པའི་མི་རིགས་དེ་ལ་གསོན་ཤུགས་མེད་པས་ཤིང་སྡོང་གོག་པོ་བཞིན་དུ་རུལ་བར་འགྱུར་བ་ལས་ཡར་རྒྱས་དང་སྔོན་ཐོན་གྱི་རེ་བ་གཏན་ནས་མེད། འཚོ་ཐབས་དེ་ཐམས་ཅད་ཀྱང་བོད་གངས་ཅན་གྱི་ཡབ་མེས་བཟང་པོས་བཞག་པའི་རིག་གནས་ཀྱི་སྙིང་པོ་དྲང་བདེན་དང་རང་གཞན་གཉིས་ཕན་དང་འདི་ཕྱི་གཉིས་བདེའི་རྩ་དོན་དང་ཁ་མ་བྲལ་བར་བྱ་དགོས། དེ་ལས་གཞན་དུ་དེང་སང་གཡོ་རྒྱུ་དང་གདུག་སྤྱོད་ཀྱི་འཚོ་ཐབས་ཧ་ཅང་ཡ་ང་བ་མང་པོ་ཞིག་འདུག་ལ། དེ་རྣམས་ལ་བརྟེན་ན་ཁ་སོས་སླ་བའང་ཡོད་ཀྱང་། དེ་དག་ལ་བརྟེན་ནས་ཕྱུག་པོ་བྱེད་པ་ལས་འཚེ་མེད་དྲང་བདེན་གྱི་ངང་དུ་དབུལ་པོ་བྱས་ནས་སྡོད་པ་དགའ་ངེས་ཡིན་པས་རིན་ཐང་གི་ལྟ་བའི་བླང་དོར་མི་འཕྱུག་པ་འདི་མི་རིགས་ཤིག་ལ་མཚོན་ན་ཤིན་ཏུ་གལ་ཆེན་པོ་ཡིན། མི་རིགས་གང་ཞིག་ཡིན་ཡང་དབུལ་པོ་ནས་ཕྱུག་པོར་འགྲོ་བ་ཡོད་ལ། ཕྱུག་པོ་ནས་དབུལ་པོར་འགྲོ་བའང་ཡོད། ཉམ་ཆུང་ནས་བཙན་པོར་འགྱུར་རྒྱུ་ཡོད་ལ། བཙན་པོ་ནས་ཉམ་ཆུང་དུ་འགྱུར་རྒྱུའང་ཡོད། དེར་མ་ཟད་འཛམ་གླིང་གི་རྒྱལ་ཁབ་རྣམས་ཀྱི་དབུལ་ཕྱུག་གི་སྣང་བ་ལ་ཡིད་རྟོན་དང་རྟག་པ་ཅི་ཡང་མེད་པས། ལོ་བཅུ་ཕྲག་འགའ་རེ་ཙམ་གྱི་ནང་དུ་དབུལ་པོ་ནས་ཕྱུག་པོར་འགྲོ་བ་དང་། ལོ་འགའ་རེའི་ནང་དུ་ཕྱུག་པོ་ནས་དབུལ་པོར་འགྲོ་བ་མང་པོ་ཡོད། དེས་ན་དེ་དག་ཐམས་ཅད་ཀྱང་གནས་སྐབས་ཀྱི་སྣང་ཚུལ་ཙམ་ཞིག་ཡིན། འཛམ་བུ་གླིང་འདིར་རང་རེ་ལས་ཆེས་དབུལ་བའི་མི་རིགས་མང་པོ་ཡོད། དབུལ་ཕྱུག་གང་དུ་འགྱུར་བ་འདི་སྔོན་བསགས་ཀྱི་བསོད་ནམས་དང་ད་ལྟའི་འབད་པ་གཉིས་པོ་ལ་རག་ལས་ཡིན་པས་གཏན་ཁེལ་བ་ཅི་ཡང་མེད། དབུལ་ཕྱུག་གི་གནས་སྐབས་གང་ཞིག་ཡིན་ཡང་རུང་། འཚོ་བའི་ཐབས་ལ་འབད་ཚུལ་དེ་མི་རིགས་དེའི་རྩ་བའི་ཀུན་སྤྱོད་ཀྱི་ཚད་གཞིའམ་མི་རིགས་ཧྲིལ་པོའི་མི་གཞིའི་སྤུས་ཚད་མཚོན་བྱེད་དུ་འགྱུར་བ་ཡིན་པས། ལས་རྒྱུ་འབྲས་དྲང་མོ་བྱམས་སྙིང་རྗེའི་ལམ་ལས་མ་འདས་པ་ཞིག་བྱེད་དགོས། དེས་ན་ནམ་ཡང་ཉམས་མི་རུང་བ་ནི་མི་རིགས་ཀྱི་ཡང་དག་པའི་རིན་ཐང་གི་ལྟ་བ་བཟང་པོ་དང་། ཡ་རབས་ཀྱི་ཀུན་སྤྱོད་རྣམས་ཡིན། འདི་དག་ཉམས་པར་གྱུར་ན་དབུལ་ཕྱུག་གི་སྣང་བ་དང་མི་འདྲ་སྟེ། མི་རབས་མང་པོའི་བར་དུ་ཉམས་གསོ་དཀའ་ཞིང་། ཉམས་གསོ་དཀའ་ཞིང་།  ཉམས་གསོ་བྱེད་ཐུབ་པའི་ནུས་པའི་ཁུངས་ཀྱང་རྙེད་པར་ཤིན་ཏུ་དཀའ། གཏན་དུ་བརླགས་པས་བསྐྱར་གསོ་བྱ་མི་ཐུབ་པའང་འོང་སྲིད། རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སམ་དད་པ་དང་རིན་ཐང་གི་ལྟ་བ་བརླགས་པར་གྱུར་པའི་དབང་གིས། ལོ་ཁ་ཤས་ཙམ་གྱི་རིང་ལ་ཐ་ན་བཟའ་བཏུང་རྐྱང་པའི་ནང་དུའང་དེ་འདྲའི་བྱ་བ་ཐ་ཆད་པ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་ཀུན་གྱིས་ཤེས་གསལ་ལྟར་རོ། །   དེ་ལྟ་བས་ན་བོད་གངས་ཅན་པ་རྣམས་ཀྱིས་ཉམ་ཆུང་གི་སེམས་ཅན་རྣམས་ལ་འཚེ་བ་སྤངས། འཚོ་ཐབས་རྣམ་པ་གསུམ་པོ་ལ་བརྟེན་ནས་དྲང་བདེན་དང་བདེ་ཐང་གི་ངང་ནས་དཔལ་འབྱོར་ཡར་རྒྱས་སུ་གཏོང་། འཇིག་རྟེན་ཡང་དག་གི་ལྟ་བ་རྒྱུད་ལ་བསྟེན་ནས་དགེ་སྡིག་ལ་བླང་དོར་བྱ། ཚེ་འདིའི་ཁ་གསོ་བ་ཙམ་གྱི་ཕྱིར་དུ་ཚེ་ཕྱི་མ་རླུང་ལ་མི་བསྐུར་བར་འདི་ཕྱི་གཉིས་ཀར་བདེ་བ་ཞིག་ལ་བརྩོན་པར་བྱ་དགོས་སོ།། །།

{ཐུབ་པའི་དབྱངས་ཚང་}ནི་ང་ཚོ་སྨྱུག་གཞོན་པ་དག་གིས་ཤེས་རབ་ཀྱི་གཤོག་སྒྲོ་གཡོ་ས་དང་སྙན་ངག་གི་གྲེ་འགྱུར་སྒྲོགས་སའི་ཁྱིམ་གཞིས་ཏེ་བོད་ཆེན་མོའི་ཕ་སྐད་མ་ཡིག་གི་གཞི་རྐང་སྐྱོང་སའི་གོ་ལ་ཧྲིལ་པོ་ཞིག་ཡིན།




您可能也对以下帖子感兴趣

文章有问题?点此查看未经处理的缓存