查看原文
其他

ཕྱི་ནང་གི་རྟེན་འབྲེལ། ཉིན་བཞི་པའི་སློབ་ཁྲིད། སྒྲ་ཡིག་གཉིས་ལྡན།

关注 佛陀之音家 2022-12-09



        


ཁྲིད་བྱ།  སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་ཕྱི་ནང་གི་རྟེན་འབྲེལ་སྐོར།  

ཁྲིད་མཁན།  མཁན་ཆེན་དགེ་འདུན་རབ་རྒྱས།  

ཁྲིད་ཡུལ།  ནང་བསྟན་རྨང་གཞིའི་དྲྭ་ཚོམས།



བརྗོད་བྱ་གཙོ་བོ།


རྒྱུ་དང་འབྲེལ་བའི་ནང་གི་རྟེན་འབྲེལ་བཅུ་གཉིས་ལ། ས་དང་། ཆུ། མེ། རླུང་། ནམ་མཁའ། རྣམ་ཤེས་ཏེ། རྐྱེན་དྲུག་ཅི་རིགས་པ་དང་འབྲེལ་ནས་འབྱུང་ཞིང་། སྤྱིར་ཕྱི་ནང་གི་རྟེན་འབྲེལ་ཀྱི་དངོས་པོ་ཀུན། རྒྱུ་རྐྱེན་འཛོམས་ན་མི་སྐྱེ་བའི་དབང་མེད་ཅིང་། མ་འཛོམས་ན་སྐྱེ་བའི་དབང་མེད་པའི་ཚུལ།

 དེའང་ཕྱི་ནང་གི་རྟེན་འབྲེལ་ཀུན་ལ། འགྱུར་མེད་ཀྱི་རྟག་པ་མིན་པ་དང་། རྒྱུ་འབྲས་བར་ཆད་པ་མིན་པ་དང་། རྒྱུ་འབྲས་བུར་འཕོས་པ་མིན་པ་དང་། རྒྱུ་ཆུང་ངུས་འབྲས་བུ་ཆེན་པོ་བསྐྱེད་པ་དང་། རྒྱུ་འབྲས་རྒྱུད་གཅིག་གམ་རིགས་མཐུན་པ་བཅས། དེ་ལྟར་རྟེན་འབྲེལ་གྱི་ཁྱད་ཆོས་ལྔ་དང་ལྡན་དགོས་ཚུལ།

 ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བའི་རྣམ་གཞག་ནི། མངོན་སུམ་དང་། དངོས་སྟོབས་རྗེས་དཔག་གིས་མི་གྲུབ་པས། ལུང་ལ་ཡིད་ཆེས་བྱ་དགོས་ལ། དེའང་སངས་རྒྱས་ཀྱི་གསུང་ལ་སློབ་གཉེར་ཡག་པོ་བྱས་ནས་ཡིད་ཆེས་དགོས་ཀྱི། གཞན་དུ་ཡིད་ཆེས་ཡུལ་ནོར་མེད་ཀྱང་། ཡིད་ཆེས་བྱེད་སྟངས་ནི། ཕྱི་རོལ་པ་དག་གིས། རང་གི་སྟོན་པ་ལ་ཡིད་ཆེས་བྱེད་པ་དང་མཚུངས་པས། དེ་ལྟར་མི་རུང་ཚུལ་བཅས་སོ།།

དགེ་འདུན་རབས་རྒྱས།

ཕྱི་ནང་གི་རྟེན་འབྲེལ།

རྐྱེན་དང་འབྲེལ་བ་ནི། མ་རིག་པ་སོགས་ཉོན་མོངས་རྣམས། དམིགས་པའི་ཡུལ་དང་། ནང་གི་དབང་པོ་སོགས་ཀྱིས་ཀྱང་གྲོགས་བྱས་ནས་སྐྱེ་ལ། ལས་ཀྱང་དེ་བཞིན་ཏེ། སྡུག་བསྔལ་གྱི་གཞི་མིང་གཟུགས་སོགས་བདུན་ནི། ནང་གི་སའི་ཁམས་སྲ་བ་དང་། ཆུ་གཤེར་བ་དང་། མེ་དྲོ་བས་ཟས་སོགས་འཇུ་བ་དང་། དབུགས་འབྱིན་རྔུབ་སོགས་རླུང་གི་ཁམས་དང་། གོ་འབྱེད་པའི་བུ་ག་རྣམས་ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཏེ། ཁམས་དྲུག་གིས། ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་སྐྱེ་བར་བྱེད་དོ།།

  མིག་ཤེས་ནི། རྟེན་མིག་དབང་དང་། དམིགས་པ་གཟུགས་དང་། མངོན་པར་སྣང་བ་དང་། མི་སྒྲིབ་པ་ནམ་མཁའ་དང་། བསམ་པ་ཡིད་བྱེད་ལྔས། ལྷན་ཅིག་བྱས་ནས་སྐྱེ་བ་དེ་བཞིན་དུ། ཤེས་པ་གཞན་ལའང་ཅི་རིགས་སུ་སྦྱར་ཏེ་ཤེས་པར་བྱའོ།།

  དེ་ལྟར་ཕྱི་དང་། ནང་གི་ཆོས་ཐམས་ཅད། རང་རང་གི་རྒྱུ་རྐྱེན་ཇི་ཙམ་ཚོགས་དགོས་པ་ལས། གང་ཡང་རུང་བ་མ་ཚང་ན་མི་སྐྱེ་ལ། ཚང་ན་ངེས་པར་སྐྱེ་བ། རྟེན་ཅིང་འབྲེལ་བར་འབྱུང་བའི་ངང་ཚུལ་ཏེ། ཐོག་མ་མེད་པའི་དུས་ནས་རྒྱུན་གྱི་འཇུག་པ་འདི་ལ། བྱེད་པ་པོ་བདག་དང་། དབང་ཕྱུག་སོགས་གང་ཡང་མེད་ལ། རྒྱུ་རྣམས་ཀྱིས། རང་འབྲས་འདི་དག་སྐྱེད་དོ། །སྙམ་དུ་མི་རྟོག། འབྲས་བུ་རྣམས་ཀྱིས། བདག་འདིས་སྐྱེད་དོ། །སྙམ་དུ་མི་རྟོག་ཀྱང་། རྒྱུ་འབྲས་ཀྱི་རྟེན་འབྲེལ་ཁྱད་པར་ལྔ་ལྡན་དུ་འབྱུང་སྟེ། གང་ཞེ་ན། ས་བོན་མ་འགགས་པར་ཡོད་བཞིན་མྱུ་གུ་སྐྱེ་བ་མིན་པར། ས་བོན་འགགས་ནས་མྱུ་གུ་སྐྱེ་བའི་ཕྱིར། 

༡ རྟག་པ་མིན་པ་དང་། ས་བོན་འགགས་ཏེ་རྒྱུན་ཆད་པ་ལས་སྐྱེ་བ་མིན་པར། ས་བོན་འགག་པ་དང་། མྱུ་གུ་སྐྱེ་བ། སྲང་མདའི་མཐོ་དམན་བཞིན་དུ། བར་མ་ཆད་པར་འབྱུང་བས། 

༢ ཆད་པ་མིན་པ་དང་། ས་མྱུག་དེ་གཉིས། ངོ་བོ་དང་། བྱེད་ལས་ཀྱི་སྒོ་ནས་གཅིག་མིན་པས། 

༣ སྔ་མ་ཕྱི་མར་འཕོས་པ་མིན་པ་དང་། ས་བོན་ཆུང་ངུས་འབྲས་བུ་ཆེ་བ་འབྱིན་པས། 

༤ རྒྱུ་ཆུང་ངུས་འབྲས་བུ་ཆེན་པོ་འགྲུབ་པ་དང་། གྲོ་ཡི་ས་བོན་ལས་གྲོ་ཡི་མྱུ་གུ་དང་། དགེ་བ་ལས་བདེ་བ་ལྟ་བུ། 

༥ རྒྱུ་དང་འབྲས་བུ་འདྲ་བའི་རྒྱུད་དམ་མཐུན་པ་ལྔ་ཡི་ཚུལ་དུ། ཕྱི་ནང་གི་རྒྱུ་འབྲས་རྣམས་ཤེས་པར་བྱ་སྟེ།

མུ་འགོད།


མཁན་པོ་དགེ་འདུན་རབས་རྒྱས་ཀྱི་དབུ་མ་རྒྱན་གྱི་སྤྱི་དོན་སྒྲ་ཆ་ཚང་།

མཁན་པོ་དགེ་འདུན་རབས་རྒྱས་ཀྱི་ངེས་ཤེས་སྒྲོན་མེའི་སྒྲ་ཆ་ཚང་།


བོད་ཀྱི་བརྡ་སྤྲོད་རིག་པ་སུམ་བཅུ་པའི་འཆད་ཁྲིད། ཚེ་དབང་བཀྲིས།


བོད་ཀྱི་བརྡ་སྤྲོད་རིག་པ་རྟགས་ཀྱི་འཇུག་པའི་འཆད་ཁྲིད་ཆ་ཚང་།




1

您可能也对以下帖子感兴趣

文章有问题?点此查看未经处理的缓存