查看原文
天气

ཤུལ་མིའི་རྒྱང་འབོད་ཐུགས་བརྩེས་རྗེས་འཛིན།

白玛晋美郎嘉 白玛晋美郎嘉 2023-06-18



སྙིང་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས།


ཁམས་ཚང་བླ་མ་འམ་ཨ་ཁུ་བླ་གཅེས་མཆོག


སྦས་པའི་རྣལ་འབྱོར་བ་འདུལ་འཛིན་བསོད་ནམ་དར་རྒྱས་མཆོག


       





ཤུལ་མིའི་རྒྱང་འབོད་ཐུགས་བརྩེས་རྗེས་འཛིན།

ཚིག/པདྨ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ།

ཀྱེ་ཕུ་བོ་ལགས། བཀའ་དྲིན་ཅན། ཁྱེད་ནི་ང་ཚོའི་མགོན་དང་སྐྱབས་སུ་སྐུ་ཚེ་ཉམས་ལེན་གྱིས་འཚོ་ཞིང་ཁམས་བདེ་ཐུགས་དྭངས་ངང་བཞུགས་ཡོད་ནའང་། གདུལ་བྱའི་རྟག་འཛིན་ལྡོག་ཞིང་འདུས་པའི་མཐའ་མ་འབྲལ་བའི་ཆོས་ཉིད་ཀྱི་རང་རྟགས་སྟོན་ཕྱིར། གློ་བུར་དུ་དགོངས་པ་ཞིང་ཁམས་ལ་གཏད་ནས་ཆོས་ཀྱི་དབྱིངས་སུ་འདས་རྟགས་ནམ་མཁར་བཞག་ནས་བྱོན་སོང་། དུས་དེ་བཟུང་ནས་ད་བར་དུ་ང་ཁྱེད་དང་གཏན་དུ་གྱེས་ནས་ལོ་གསུམ་ཙམ་སོང་ཟིན། འདི་ལྟར་དྲན་གདུང་གི་ཀློང་ནས་ལོ་ཧྲིལ་བོ་གསུམ་སོང་བ་དེ་ཡང་ང་ལ་མཚོན་ན་དུས་ཡུན་ཐུང་ཐུང་ཞིག་ག་ལ་ཡིན། འོན་ཀྱང་སྐབས་རེར་ང་ཁྱེད་དང་གཏན་བྲལ་སོང་ནས་ལོ་གསུམ་པོ་དེ། ཡུད་ཙམ་རེའི་སྣང་བ་ཡང་ཤར་སོང་། སྐབས་རེ་ཁྱེད་འདི་ལྟར་བཞུད་སོང་བ་རྨི་ལམ་ཞིག་གི་སྣང་བ་ཡང་ཤར་འདུག གང་ལྟར་ཡང་ཕུ་བོ་རིན་པོ་ཆེ་སྔར་བཞིན། ངེད་ཅག་དང་མཉམ་དུ་བཞུགས་ཡོད་པའི་སྣང་བ་ཤར་བ་ནི་ཆེས་བདེ་ཞིང་སྐྱིད་པ་ལ། ཁྱེད་ཉིད་ཞིང་འདི་ནས་མ་བྱོན་པའི་ཉིན་ཁ་ཤས་ཀྱི་སྔོན་ནས། ད་རེས་ངེད་ཚོ་ལྷོད་མོ་བྱས་ནས་ཉིན་འགའ་རེ་སྤྲོ་བསང་བྱེད་དགོས་གསུང་ནས་ཐུགས་བརྩེ་དགྱེས་འཛུམ་གྱི་ངང་ནས་དགའ་སྤྲོའི་དཔལ་ལ་རོལ་བ་དེ་འདུས་པའི་ཐ་མ་འབྲལ་བ་ཡིན་པ་དེ་ངོས་མ་ཟིན། སྤྲོ་བསང་ཀྱི་སྐབས་སུ་ཐུགས་ཁམས་དེ་སྔར་དང་མི་འདྲ་བར་ཡིན་པ་ཅི་ཡིན་སྙམས་ཡང་། ཞིང་འདི་ནས་བྱོན་རྩིས་ཡིན་པ་ངའི་ག་ལ་ཤེས། ཀྱཻ་མ། ཞིང་འདི་ནས་མི་བཞུགས་པར་གློ་བུར་དུ་བཞུད་དགོས་དོན་ཅི་ཡིན། ཉིད་ཀྱི་ཡང་ཡང་གསུང་རྒྱུར་ཚེ་འདིར་བླ་མའི་ཐུགས་དགོངས་དགྱེས་ནི་ཞིག ཕ་མ་དྲིན་ཅན་ཚོར་དྲིན་ལན་མཇལ་ཐུབ་ནི་ཞིག བསྟན་འགྲོའི་བྱ་བཞག་གང་སྒྲུབ་ན་ཆོས་བརྒྱད་ཀྱི་དབང་དུ་མི་འགྲོ་ནི་ཞིག དོན་ཉུང་བྱ་ཉུང་འདོད་ཆུང་ཆོག་ཤེས་སོགས་མདོར་ན་དལ་འབྱོར་ཐོབ་པ་དོན་དང་ལྡན་པ་གྱིས་ཞེས་གསུང་པ་དེ་སྐུ་ཚེ་ཐ་མའི་འདའ་ཁའི་གདམས་པ་ཡིན་པ་དེ་ངའི་གང་ནས་ཤེས། དགུང་གྲངས་ང་དགུ་བཞེས་ཙམ་ལ་ཞིང་འདིའི་མཛད་པ་ཐ་མ་དེ་ཡིན་པ་སྔོན་ནས་ཐུགས་འཆར་བྱས་ཟིན་པ་ལགས་ན། ཤ་ཁྲག་གཅིག་ལས་ཆད་པའི་ཤུལ་མི་དག་ལ་དོན་དེ་ཅུང་ཟད་ཙམ་ཡང་མི་གསུང་པ་ཅི་ཡིན་ལགས། ཁྱེད་འདི་ལྟར་བྱོན་པ་ཤུལ་མི་ཉམ་ཆུང་དག་ཐུགས་ཀྱི་འདོར་ཕོད་དམ་སྙིང་རེ་མི་རྗེ་འམ། ཁྱེད་བྱོན་པའི་རྗེས་ནས་ངེད་ཤུལ་མི་ཡོངས་སྡུག་བསྔལ་གྱི་འདམ་དུ་ཚུད་ནས་ཡོད་ན་ཡང་། ཁྱེད་ཐུགས་དམ་ལ་བཞུགས་ཚུལ་དང་། སྐུ་ལས་རིང་བསྲེལ་དང་གདུང་རིལ་བབས་ཚུལ། འཇའ་ཟེར་ཐིག་ལེའི་འོད་སྣང་འཕྲོ་ཚུལ་སོགས་ཐུན་མོང་འགྲོ་བའི་སྣང་ངོར་ཤར་བའི་འདས་རྟགས་དེ་ང་ཚོའི་སེམས་ཀྱི་དྲོད་ཐིག་དང་དད་རྟེན་དུ་གྱུར་ཡོད། ད་དུང་ཁྱེད་ཀྱི་ཐུགས་རྗེས་བསིལ་གྲིབ་དེ་སྔར་བཞིན་ང་ཚོ་དང་མཉམ་དུ་མ་ཉམས་པར་ཡོད་པ་ཡིད་ཆེས་ཡོད། ཉི་མ་རེ་རེ་དང་ཟླ་བ་རེ་རེ་འཛུབ་རྩེར་བགྲང་ནས་ཕུ་བོ་དམ་པ་བྱོན་ནས་ག་ཚོད་འགོར་སོང་གླེང་བཞིན་མིག་མཐའ་མཆི་མའི་བཀང་བཞིན་ཡོད་ལགས། ཡིན་ནའང་གསེར་ཀྱི་ཉི་མ་སེར་པོ་ལ་ཁར་བརྒལ་རུང་དུང་གི་ཟླ་བ་དཀར་པོ་ཤར་ལ་ཉེ་བ་བཞིན་ཉམས་རྟོགས་ཁྱེད་དང་མཉམ་པའི་འཁྲུལ་བྲལ་ཡང་སྤྲུལ་དམ་པ་མི་རིང་བར་ང་ཚོའི་མགོན་དུ་ཕེབས་རྒྱུར་གསོལ་བ་འདེབས་ཀྱིན་ཡོད། སྨོན་ལམ་བཏབ་ཀྱིན་ཡོད། ནམ་ཡང་ཐུགས་བརྩེ་བ་ཆེན་པོའི་རྗེས་སུ་བཟུང་སྟེ་རེ་འབྲས་དོན་དང་ལྡན་པར་སྨོན།






ཀྱཻ།།   ནོར་བུ་པདྨ་འཛིན་པའི་ལྷ་ཁྱོད་སྙིང་ནས་འབོད།

ཐུགས་རྗེས་འཛིན་པ་སྤྱན་ཀྱིས་མ་གཏོང་ཤིག།།












您可能也对以下帖子感兴趣

文章有问题?点此查看未经处理的缓存